༄༅། །ཆབ་གཏོར་ཤཱཀྱ་ཐུབ་མའི་འཁྲིད་ཡིག་གནད་དོན་མཛུབ་བཙུགས་ཞེས་བྱ་བ་བཞུགས།། [001A]༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །འདྲེན་པ་མཉམ་མེད་ཐུབ་པའི་དབང་པོ་དང། །དབྱེར་མེད་དྲིན་ཅན་བླ་མ་ལ་བཏུད་དེ། །ཆབ་གཏོར་ཤཱཀྱ་ཐུབ་པ་མར་གྲགས་པའི། །གོ་དོན་དམིགས་གནད་ ཆེ་ལོང་ཙམ་བཤད་བྱ། །དེ་ཡང་ཆབ་གཏོར་ཤཱཀྱ་ཐུབ་མར་གྲགས་པའི་དོན་ཉམས་སུ་ལེན་ཚུལ་ལ་གསུམ། །སྔོན་འགྲོ་དངོས་གཞི། མཇུག་ཆོག་གོ། དང་པོ་ལ་གཉིས། བཤམ་པའི་སྔོན་འགྲོ་དང། བསྒོས་ པའི་སྔོན་འགྲོའོ། །དང་པོ་ནི། ཡོངས་འཛིན་པཎྜི་ཏས། གཏོར་སྣོད་དུ་ཟན་རིལ་ཆུ་བཅས་བཤམས་ལ། ཞེས་གསུངས་པ་ལྟར། རིན་པོ་ཆེའི་གཏོར་ཏེབ་གཙང་མ་དྲི་སྨན་འབྲུ་སྙིང་རིན་ཆེན་གྱི་ཕྱེ་མ་བསྲེས་ པའི་ཟན་རིལ་དང་ཆུ་གཙང་གིས་བཀང་བ་སོགས་ཆུ་གཏོར་གྱི་ཡོ་བྱད་རྣམས་སྤྱི་ལྟར་གཤམ་དགོས་ལ། ཟན་རིལ་གྱི་གྲངས་ལ་བཞད་ཚུལ་སྣ་ཚོགས་སྣང་ཡང། བདག་གི་བླ་མའི་ཕྱག་རྒྱུན་ལ་བདུན་ [002A]༄༅། །ནམ་ཉེར་གཅིག་མཛད་པ་ནི། རྗེ་དགེ་འདུན་གྲུབ་ཀྱིས། དེ་དག་རྣམས་ལ་ཟན་གྲངས་དང་མཉམ་པའི་སྐྱབས་འགྲོ་སེམས་བསྐྱེད་གཟུངས་སྔགས་སོགས་དགོས་སོ། །ཞེས་གསུངས་ པ་ལྟར། གཞུང་དུ་སྔགས་བདུན་བརྗོད་པར་གསུངས་ཤིང། འབུལ་ཡུལ་མགྲོན་བདུན་ཡོད་པས་མགྲོན་ཚན་རེ་ལ་ཟན་རིལ་རེ་རེའམ་གསུམ་གསུམ་འབུལ་བའི་དབང་དུ་བྱས་པ་སྟེ་དེ་བཞིན་དུ་བྱའོ་ གཉིས་པ་བསྒོམ་པའི་སྔོན་འགྲོ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱ་བ་སྟེ། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་གདན་ལ་བླ་མ་ཐུབ་པའི་དབང་པོ་ལ་སྐྱབས་ཡུལ་ དཀོན་མཆོག་གསུམ་གྱིས་བསྐོར་བ་དང། རང་གི་མཐའ་སྐོར་དུ་སེམས་ཅན་ཐམས་ཅད་གསལ་བཏབ་ནས། དད་གུས་དང་འཇིགས་སྐྲག་དང་བྱམས་སྙིང་རྗེས་ཀུན་ནས་བསླངས་ཏེ། སངས་རྒྱས་ཆོས་ [002B] །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །ཞེས་ལན་གསུམ་བརྗོད་པས་སྐྱབས་ཡུལ་རྣམས་ལས་བདུད་རྩི་འོད་ཟེར་དང་བཅས་པ་བྱུང་བས་རང་གཞན་གྱི་སྡིག་སྒྲིབ་དག་ཅིང་སྐྱབས་ འོག་ཏུ་ཆུད་པའི་མོས་པ་དང། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་མཆོད་སྦྱིན་གྱི་བྱ་བ་ལ་འཇུག་པར་བྱའོ་སྙམ་པས། བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །འགྲོ་ ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་ལེན་གསུམ་བརྗོད་པས་སྐྱབས་ཡུལ་རྣམས་དགྱེས་བཞིན་དུ་རང་གི་སྨིན་མཚམས་སུ་ཐིམས་ནས་བྱིན་གྱིས་བརླབས་པར་བསམ་མོ། །གཉིས་པ་དངོས་གཞི་ ལ་གསུམ། གང་གིས་གཏོང་བའི་རྟེན་ལྷར་བསྐྱེད་པ། གང་ཞིག་གཏོང་བའི་གཏོར་རྫས་བྱིན་གྱིས་བརླབ་པ། ཡུལ་གང་ལ་ཇི་ལྟར་གཏོང་བའི་ཚུལ་ལོ། །དང་པོ་ནི། གཏོར་མ་ཏིང་ངེ་འཛིན་དང་སྔགས་དང་ ཕྱག་རྒྱས་བྱིན་གྱིས་བརླབས་ཏེ་འབུལ་བ་ལ་རང་ཉིད་ལྷའི་རྣལ་འབྱོར་ལ་གནས་དགོས་ཤིག། ལྷ་ཡང་ཆབ་གཏོར་ཤཱ་ཀ་ཐུག་མ་འདིར་མཚན་དོན་ལྟར་ཤཱཀྱའི་རྒྱལ་པོའི་རྣལ་འབྱོར་བྱེད་པ་སྐབས་སུ་བབ་པས་བླ་ མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས། དེ་ནི་སྐུ་དང་ལོངས་སྤྱོད་དང་གནས་དང་མཛད་པ་ཡོངས་སུ་དག་པའི་ཚུལ་གྱིས་འཇུག་པས་ན་འབྲས་བུ་སྟེ། ཞེས་གསུངས་པ་ལྟར་འདི་ལ་བཞི། གནས་ཡོངས་དག་དང་ [003A]༄༅། །མཐུན་པར་གདན་བསྐྱེད་པ། ལུས་ཡོངས་དག་དར་མཐུན་པར་ལྷ་བསྐྱེད་པ། མཛད་པ་ཡོངས་དག་དང་མཐུན་པར་སྔགས་བཟླ་བ། ལོངས་སྤྱོད་ཡོངས་དག་དང་མཐུན་པར་མཆོད་བསྟོད་ བྱ་བའོ།། དང་པོ་ནི། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་དང་རང་ཡང་འོད་དུ་ཞུ་ནས་ཆོས་སྐུའི་ང་རྒྱལ་བྱ། དེའི་ངང་ལས། ཕྱོགས་བཞི་དམར་ལ་མེ་རླུང་སེར། །བདེན་བྲལ་ལྗང་ལ་དབང་ལྡན་སྔོ། །ལྟེ་བ་ ལྗང་ལ་གེ་སར་སེར། །ཞེས་པ་ལྟར་གྱི་སྣ་ཚོགས་པདྨའི་ལྟེ་བའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དཀར་ཟླུམ་ཆུ་ཤེལ་གྱི་མཎྜལ་ལྟ་བུ་བསྐྱེད་པའོ། །གཉིས་པ་ལུས་ཡོངས་དག་དང་མཐུན་པར་ལྷ་བསྐྱེད་པ་ ནི། གདན་པད་ཟླ་དེའི་སྟེང་དུ་སྐད་ཅིག་དཀྲོང་བསྐྱེད་ཀྱིས་རང་ཉིད་ཆོས་གཟུགས་ཀྱི་སྐུའི་ཕུན་ཚོགས་དང་ལྡན་པས་དཔལ། སྦད་བྱ་མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་བ། བརྟུལ་ཕོད་པའི་རིགས་ སུ་འཁྲུངས་པས་ཤཱཀྱ། བདུད་དང་མུ་སྟེགས་ཟིལ་གྱིས་གནོན་པས་སེང་གེ་དེ་ལྟ་བུའི་མཚན་དོན་དང་ལྡན་པས་སྟོན་པ་སངས་རྒྱས་སྐུ་མདོག་སེར་པོ་གསེར་སྦྱངས་བཙོ་མའི་མདངས་ལྟ་བུ། འཛུམ་ དཀར་འཕྲོ་བའི་ཞལ་གཅིག་ཕྱག་གཉིས་པ། གཡས་ས་གནོན་གྱི་ཕྱག་རྒྱ་དང། གཡོན་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་བཻཌཱུརྱའི་ལྷུང་བཟེད་བསྣམས་པ། སྐུ་ལ་ཕྱག་ཞབས་ཀྱི་མཐིལ་ [003B] སེན་མོ་ཟངས་མདོག་ལྟར་དམར་བ་ལ་སོགས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འདོམ་གང་ཁོར་ཡུག་ཙམ་དུ་དཀར་སེར་དམར་ལྗང་སྔོ་བའི་འོད་ཀྱི་ དྲ་བས་བསྐོར་བ། སྐུའི་བ་སྤུའི་སྒོ་ནས་གདུལ་བྱ་སྨིན་གྲོལ་ལ་འགོད་པའི་འོད་ཟེར་མཐའ་ཡས་པ་འཕྲོ་བ། སྣམ་སྦྱར་བླ་གོས་མཐང་གོས་ཏེ་ན་བཟའ་ཆོས་གོས་རྣམ་གསུམ་མཛེས་པར་གསོལ་ཞིང་ཞབས་གཉིས་རྡོ་རྗེ་སྐྱིལ་ ཀྲུང་གིས་བཞུགས་པ་ཞིག་ཏུ་ལམ་གྱིས་བསྐྱེད་པར་བྱའོ། །གསུམ་པ་མཛད་པ་ཡོངས་དག་དང་མཐུན་པར་སྔགས་བཟླ་བ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་དཀར་པོ་ཧཱུཾ་སེར་ པོས་མཚན་པའི་མདུན་ནས་གཡས་སྐོར་དུ། ཏ་དྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མྷཱ་མུ་ནེ་ཡེ་སཱཧཱ། ཞེས་པས་བསྐོར་བའི་སྔགས་འཕྲེང་སེར་པོ་ལ་དམིགས་པ་གཏད་དེ། ཉེར་གཅིག་ནས་བརྒྱ་རྩ་བརྒྱད་ཀྱི་བར་མ་ཉུང་ཅི་རིགས་བཟླས་ པས། ས་བོན་སྔགས་འཕྲེང་ལས་འོད་ཟེར་འཕྲོས་པའི་སྣེར་མཆོད་རྫས་སྤྲོས་ནས་རྒྱལ་བ་སྲས་བཅས་ལ་མཆོད་ཅིང་བྱིན་རླབས་འོད་ཟེར་གྱི་རྣམ་པར་རང་ལ་བསྡུ་བ་དང། ཡང་འོད་ཟེར་སྤྲོས་ནས་མ་དག་པའི་སྣོད་བཅུད་སྦྱངས་ནས་དག་ པའི་སྣོད་བཅུད་དུ་བསྒྱུར་བའི་མོས་པ་བྱའོ། །སྔགས་དོན་ནི། འདི་ལྟ་སྟེ། ཐུབ་པ་ཐུབ་པ་ཐུབ་པ་ཆེན་པོ་ལ་གཞི་ཚུགས། ཞེས་པ་སྟེ། ལན་གཅིག་བཟླས་པས་བསྐལ་པ་ཁྲིའི་སྡིག་པར་འདག་པར་མདོ་ལས་གསུངས་སོ། ། [004A]༄༅། །བཞི་པ་ལོངས་སྤྱོད་ཡོངས་དག་དང་མཐུན་པར་མཆོད་བསྟོད་བྱ་བ་ནི། རང་གི་ཐུགས་ཀའི་ས་བོན་ལས་མཆོད་པའི་ལྷ་མོ་ཆུ་གཉིས་ཉེར་སྤྱོད་རོལ་མོ་ཐོགས་པ་མེད་པ་སྤྲོས་ཏེ་རང་ཉིད་ལ་ཚུར་ མཆོད་པས་དབང་པོ་དྲུག་ལ་བདེ་བ་སྐྱེས་པས་སྟོང་པ་དེ་ཡུལ་དུ་བྱས་པར་མོད་ལ། བྱ་རྒྱུད་ལྟར་གྱི་ཕྱག་རྒྱ་དང་བཅས། ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྦྷེ། ནཻཝི་དཡེ། ཤཔྟ་པྲ་ཏཱི་ཙྪ་སཱ་ཧཱ། ཞེས་པས་ མཆོད་ལ། མཆོད་ལྷ་རྣམས་ཀྱིས་རང་ལ། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་ཏེ་ཁམས་གསུམ་གྱི་གནས་ན་རང་དབང་མེད་པར་ལས་ཉོན་གྱི་དབང་གིས་འགྲོ་བའི་འགྲོ་བ་ཀུན་གྱི་དམྱལ་བ་ ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་གྱི་སྡུག་བསྔལ་དང། དེ་ཉམས་སུ་མྱོང་བའི་རྒྱུའི་ལས་ཉོན་ཐམས་ཅད་སྦྱོར་བར་མཛད་ཅིང། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་ནས་མངོན་མཐོ་ དང་ངེས་ལེགས་ཀྱི་གནས་སུ་འདྲེན་པར་མཛད་པའི་ཤཱཀྱ་སེང་གེ་དེ་ལ་སྒོ་གསུམ་གུས་པས་འདུད་ཅེས་འཕྲིན་ལས་ཉེར་བདུན་གྱི་ཡོན་ཏན་བརྗོད་ནས་བསྟོད་པར་བསམ་མོ། །གཉིས་པ་གང་ཞིག་གཏོང་བའི་གཏོར་ རྫས་བྱིན་གྱིས་བརླབ་པ་ལ་གཉིས། །སྣོད་བྱིན་གྱིས་བརླབ་པ་དང། བཅུད་བྱིན་གྱིས་བརླབ་པའོ།། དང་པོ་ནི། ལག་པ་གཡས་ཀྱི་མཐེ་བོང་དང་མཐེའུ་ཆུང་རྩེ་སྤྲད། སོར་མོ་གཞན་གསུམ་བསྒྲེང་བ་རྩེ་གསུམ་ [004B] །ཨོཾ་སརྦ་ཀ་ར་ཧཱུཾ། ཞེས་པ་ལན་གསུམ་བརྗོད་པ་ནི་སྔགས་ཀྱིས་བྱིན་གྱིས་བརླབ་པ་སྟེ། སྔགས་དོན་ནི། ཐམས་ཅད་བྱེད་པ་ ཞེས་པའོ། །གཏོར་མའི་སྣོད་ཐམས་ཅད་ཀྱི་སྐྱོན་སྦྱངས་ནས་རྒྱུ་རིན་པོ་ཆེ་གསེར་དངུལ་སོག་ལས་གྲུབ་ཅིང་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་གྱི་རྒྱ་ཁྱོན་དང་མཉམ་པར་གྱུར་བར་བསམ་པ་ནི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབ་ པ་སྟེ། སྟོང་གསུམ་གྱི་རྒྱ་ཁྱོན་ནི། གླིང་བཞི་ནས་ཚངས་པའི་འཇིག་རྟེན་བར་སྟོང་ལ་སྟོང་སྤྱི་ཕུད་དང། སྤྱི་ཕུད་སྟོང་ལ་སྟོང་བར་མ་དང། བར་མ་སྟོང་ལ་སྟོང་གསུམ་དུ་བཤད་པ་ལྟར་རོ། །གཉིས་པ་བཅུད་བྱིན་གྱིས་ བརླབ་པ་ནི། སྔར་གྱི་རྩེ་གསུམ་གྱི་ཕྱག་རྒྱ་དེ་ཉིད་གཏོར་མ་ལ་གཏད་པ་ནི། ཕྱག་རྒྱས་བྱིན་གྱིས་བརླབ་པའོ། །ཨོཾ་སརྦ་སིདྡྷི་ཧཱུཾ། ཞེས་ལན་གསུམ་བརྗོད་པ་ནི། སྔགས་ཀྱིས་བྱིན་གྱིས་བརླབ་པ་སྟེ། སྔགས་ དོན་ནི། ཐམས་ཅད་གྲུབ་པ་ཞེས་པའོ། །བཅུད་ཟན་རིལ་དང་ཆུ་ཐམས་ཅད་ཀྱི་སྐྱོན་སྦྱངས་ནས་བརྒྱ་བྱིན་དང་ཚངས་པ་སོགས་ཀྱི་ལོངས་སྤྱོད་དང་མཚུངས་པའི་ལྷ་རྫས་ཀྱི་བདུད་རྩིར་གྱུར་པས་ནམ་མཁའི་ཁམས་ཐམས་ཅད་ཁེངས་ པ་ཙམ་དུ་གྱུར་པར་བསམ་པ་ནི། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབ་པ་སྟེ། འདིར་སྣོད་བཅུད་གཉིས་ཀ་ལ་ཐམས་ཅད་ཅེས་མང་ཚིག་འབྱུང་བ་ནི། ནམ་མཁར་ཤར་བའི་ཟླ་བའི་གཟུགས་བརྙན་གཅིག་ཉིད། ས་སྟེང་གི་ [005A]༄༅། །ཆུ་སྣོད་ཐམས་ཅད་ལ་འཆར་བ་ལྟར། རང་གི་མདུན་གྱི་གཏོར་མ་སྣོད་བཅས་དེ་འདྲ་བ་རེ་སྲིད་ཞིའི་མགྲོན་ཇི་སྙེད་པའི་མདུན་དུ་སྤྲུལ་ནས་བྱིན་གྱིས་རློབ་པའོ། །གསུམ་པ་ཡུལ་གང་ལ་ཚུལ་ཇི་ ལྟར་གཏོང་བའི་ཚུལ་ལ་གསུམ། སྤྱིར་བསྔོ་བ། བྱེ་བྲག་ཏུ་སྨོན་ལམ་གདབ་པ། མར་མགྲོན་ལ་ཆོས་སྦྱིན་བྱ་བའོ། །དང་པོ་ནི། ཡོངས་འཛིན་པཎྜི་ཏ་ཆེན་པོས། འདི་ནི་སྔོན་དུས་མཆོད་སྦྱིན་ལུགས་སུ་གྲགས་པ་མགྲོན་ སྤྱན་འདྲེན་དང་གཤེགས་གསོལ་མི་དགོས་པར་གར་བཞུགས་སོ་སོའི་གནས་སུ་ཕུལ་བས་ཆོག་བར་བཤད་པ་དེ་ཡིན་ཞིང། ཞེས་གསུངས་པ་ལྟར། དཀོན་མཆོག་སྲི་ཞུ་དང། མགོན་པོ་ཡོན་ཏན་ཏེ་ཞི་བ་མྱང་འདས་ ཀྱི་མགྲོན་ཚན་གཉིས་དང། རིགས་དྲུག་སྙིང་རྗེ་དང། ལན་ཆགས་གདོན་བགེགས་ཏེ་སྲིད་པ་འཁོར་བའི་མགྲོན་ཚན་གཉིས་ཏེ་རང་རང་སོ་སོའི་གནས་ན་བཞུགས་པའི་མགྲོན་རྣམས་ཀྱིས་རང་རང་གི་མདུན་ན་སྤྲུལ་ པའི་གཏོར་མ་ལྷ་རྫས་ཀྱི་བདུད་རྩི་དེ་ལྗགས་འོད་ཟེར་གྱི་སྤུ་གུས་དྲངས་ཏེ་ལོངས་སྤྱད་པས་ཡར་མགྲོན་རྣམས་མཉེས་ཤིང་མར་མགྲོན་རྣམས་ཚིམས་པར་བསམ་པ་ནི་ཏིང་ངེ་འཛིན་གྱིས་བསྔོ་བའོ། །ན་མསརྦ་ ཏ་ཐཱ་ག་ཏ་ཨ་བ་ལོ་ཀེ་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་ལན་བདུན་བརྗོད་པ་ནི། སྔགས་ཀྱིས་བསྔོ་བ་སྟེ། སྔགས་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ [005B] །ཡང་དག་པར་རྒྱས་པ། ཡང་དག་པར་རྒྱས་པ་ཞེས་པའོ། །འདིར་ཕྱག་ལན་དུ་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག་བྱས་ནས་སྔགས་མཐར་སེ་གོལ་གཏོག་པར་མཛད་པ་ནི་ཕྱག་རྒྱས་བསྔོ་ བའོ། །གཉིས་པ་བྱེ་བྲག་ཏུ་སྨོན་ལམ་གདབ་པ་ལ་གཉིས། མདོར་བསྟན་པ་དང། རྒྱས་པ་བཤད་པའོ།། དང་པོ་ནི། འཕགས་པ་སྟེ་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ་གུས་པས་བདུད་རྩིའི་མཆོད་པ་ཕུལ་ བས་ཐུགས་མཉེས་པར་གྱུར་ཅིག་དམ་ཅན་ཏེ་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་གཏོར་མ་ཕུལ་བས་ཐུགས་དམ་སྐོངས་ཤིང་ཉམས་ཆགས་གསོས་པར་གྱུར་ཅིག་འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ ལ་སྙིང་རྗེ་གཏོར་མ་བསྔོས་པས་ཡིད་ཚིམས་ཤིང་མགུ་བར་གྱུར་ཅིག་ལན་ཆགས་གདོན་བགེགས་ཀྱི་མགྲོན་རྣམས་ལ་གཏོར་མ་བཏང་བས་བུ་ལོན་དང་ལན་ཆགས་ཁྱད་པར་གྱུར་ཅིག་སྙམ་པ་བྱའོ། །གཉིས་པ་ རྒྱས་པར་བཤད་པ་ལ་བདུན་ལས་དང་པོ་ནི། ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱ་གསུམ་གྱིས་བརླབས་པའི་ཡར་མགྲོན་ལ་མཆོད་པ་དང་མར་མགྲོན་ལ་སྦྱིན་པར་བྱ་བའི་གཏོར་མ་མིག་ཏུ་གཟུགས་མཛེས་པ། རྣ་ བར་སྒྲ་སྙན་པ། སྣར་དྲི་ཞིམ་པ། ལྕེར་རོ་བདའ་བ། ལུས་ལ་རེག་བྱ་འཇམ་པ་སྟེ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདིས་མདོ་ཕྱོགས་ཀྱི་ལུང་འཁྲིད་སྡོམ་པ་སྟེར་བའི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་དང། འདས་ [006A]༄༅། །མ་འོངས་ད་ལྟའི་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་སློབ་མར་བཅས་པ་རྣམས་ལ་དང་གུས་ཀྱིས་མཆོད་པ་ཕུལ་བས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་དང་ བཅས་པ་ལྷག་མེད་དུ་བྱང་བར་ཤོག་ཅིག་སྙམ་པ་བྱའོ། །གཉིས་པ་ནི། སྔར་བཤད་པ་ལྟར་བྱིན་གྱིས་བརླབས་པའི་གཏོར་མ་འདིས། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་གྱི་ལྷ་དང། དེ་དག་གི་དབང་བརྒྱུད་ མན་ངག་སྟོན་པའི་རྡོ་རྗེ་སློབ་དཔོན་དང། སྐྱེ་བ་འདི་དང། འདིའི་སྔ་ཕྱིའི་དུས་གསུམ་དུ་བྱས་དང་བྱེད་འགྱུར་གྱི་ཕ་མ་རྣམས་ལ་དད་གུས་ཀྱིས་མཆོད་པ་ཕུལ་བས་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པའི་ཚོགས་གཉིས་རླབས་ པོ་ཆེ་ཐོབ་པར་ཤོག་ཅིག་སྙམ་པ་བྱའོ། །གསུམ་པ་ནི། བྱིན་གྱིས་བརླབས་པའི་གཏོར་མ་འདིས། ལུང་དང་རྟོགས་པའི་བསྟན་པ་སྲུང་བའི་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་དད་གུས་ཀྱིས་གཏོར་མ་ ཕུལ་བས་བྱང་ཆུབ་སྒྲུབ་པའི་སྟོང་གྲོགས་སྐད་ཅིག་ཀྱང་མི་གཡེལ་བར་བྱེད་པར་ཤོག་ཅིག་སྙམ་པ་བྱའོ། །བཞི་པ་ནི། བྱིན་གྱིས་བརླབས་པའི་གཏོར་མ་འདིས། ལྷ་མི་ལྷ་མིན་དུད་འགྲོ་ཡི་དྭགས་དམྱལ་བ་སྟེ་འགྲོ་བ་རིགས་དྲུག་ ཏུ། མི་གཡོ་བ། བསོད་ནམས། བསོད་ནམས་མིན་པའི་ལས་ཀྱིས་བསྡུས་ཤིང་སྐྱེས་པའི་སེམས་ཅན་རྣམས་ལ་ལན་དང་རྣམ་སྨིན་ལ་མི་རེ་བར་སྙིང་རྗེས་སྦྱིན་པ་བཏང་བས་སྦྱིན་ཡུལ་རྣམས་ལུས་བདེ་ཞིང་སེམས་སྐྱིད་པ་དང་དུས་རྟག་ [006B] །ལྔ་པ་ནི། བྱིན་གྱིས་བརླབས་པའི་གཏོར་མ་འདིས། །ཚེ་རབས་མང་པོར་གྲངས་སུ་བགྲངས་པའི་སྐབས་ཀྱི་ལུས་སྲོག་ལོངས་སྤྱོད་ཀྱི་ལན་ཆགས་པ་དང། ཕན་གནོད་གཉིས་ ཀ་བྱེད་པའི་གདོན་དང། བར་དུ་གཅོད་པའི་བགེགས་རྣམས་ལ། གཏོར་མ་བུ་ལོན་དུ་བཅལ་བས་ལན་ཆགས་དང་བུ་ལོན་ཁྱེར་བར་ཤོག་ཅིག་སྙམ་པ་བྱའོ།། དྲུག་པ་ནི། བྱིན་གྱིས་བརླབས་པའི་གཏོར་མ་འདིས། རང་ཉིད་ གང་དུ་འཁོད་པའི་ཡུལ་ཕྱོགས་སུ་གནས་པའི་བཙན་དང་རྒྱལ་པོ་ལ་སོགས་པའི་གནས་བདག་དང། ཐུགས་རྗེ་ཀུན་ཏུ་སྣང་བའི་བློ་གྲོས་དང། གསོད་ནམས་དགེ་བའི་བློ་གྲོས་ལ་སོགས་པའི་གཞི་བདག་རྣམས་ལས། བསྔོས་ པས་འཐོབ་པ་ལ་ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱས་བསྔོས་ཤིང། བཤམས་པས་འཐོབ་པ་ལ་ལེགས་པར་བཤམས་པས་ཤ་འཁོན་དང་ཞེ་འགྲས་མེད་པར་ཤོག་ཅིག་སྙམ་པར་བྱའོ། །བདུན་པ་ནི། ལྷག་མར་ལུས་ པའི་གཏོར་མའི་རྫས་ཀྱི་དངོས་པོ་འདི་དག་ལྷག་ལ་རེ་བའི་མགྲོན་རྣམས་ལ་བྱིན་པས། རང་རང་གི་ཡིད་ལ་ཇི་ལྟར་འདོད་པའི་ལོངས་སྤྱོད་རྣམས་ཆར་བཞིན་དུ་བབས་ནས་ཚིམས་པར་ཤོག་ཅིག་སྙམ་པ་བྱའོ། །གསུམ་ པ་མར་མགྲོན་ལ་ཆོས་སྦྱིན་བྱ་བ་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དག་སྦྱོར་ཆེན་པོས་འདི་སྐད་གསུངས། །ཞེས་ཆོས་བསྟན་པས་སྨིན་ཅིང་ [007A]༄༅། །གྲོལ་བར་བསམ་མོ། །གསུམ་པ་མཇུག་ཆོག་ནི། མགྲོན་རྣམས་མི་དམིགས་པར་བསམས་ལ། །འདི་ལྟར་བགྱིས་པའི་བསོད་ནམས་དང། །བདག་གི་དུས་གསུམ་དགེ་བའི་མཐུས། །ཉམ་ཐག་འགྲོ་བ་མཐའ་དག་གི་ མགོན་སྐྱབས་དམ་པར་བདག་གྱུར་ཅིག་བདག་ཀྱང་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་རྟེན་བཟང་དགེ་བའི་བཤེས། །ཡིད་བཞིན་ནོར་བུ་སྤྱི་བོར་འཛིན། །ཐོས་བསམ་སྒོམ་པའི་གྲུར་ཞུགས་ནས། །སྐུ་གསུམ་གླིང་དུ་ཕྱིན་གྱུར་ཅིག་ཡིད་བཞིན་ ནོར་དང་བུམ་བཟང་འདོད་འཇོའི་བ། །དཔག་བསམ་ཤིང་ལྟར་འདོད་པའི་རེ་བ་ཀུན། །འབད་མེད་སྩོལ་མཛད་བླ་མ་ཡི་དམ་དང། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག་ཅེས་བསྔོ་བ་དང་སྨོན་ལམ་དང་ཤིས་བརྗོད་བྱས་ལ་གཏོར་ མ་ས་གཙང་སར་དོར་བར་བྱའོ། །སྨྲས་པ། སྔོན་རབས་ཡིག་རྙིང་བསམ་འཕེལ་དབང་གི་རྒྱལ། །ཆོས་ཀྱི་རྒྱལ་མཚན་ལེགས་བཤད་ཏོག་བཀོད་པ། །དམིགས་འབྱེད་འཁྲིད་ཀྱི་ཁང་བཟང་རྩེར་འཕྱར་བས། །འགྲོ་ཀུན་ཅི་འདོད་ཆར་གྱིས་ ཚིམས་གྱུར་ཅིག་ ཅེས་ཆབ་གཏོར་ཤཱཀ་ཐུབ་མའི་འཁྲིད་ཡིག་གནང་ ཤེལ་དཀར་ལེགས་བཤད་གླིང་གི་རབ་འབྱམས་སྐྱ་བ་དོན་གྲུབ་འོད་ཟེར་དང། དགེ་འདུན་འཕྲིན་ལས་རྣམ་པ་གཉིས་ནས་ནན་ཏན་ཆེན་པོས་བསྐུལ་མ་མཛད་ངོར་བར་ རྒན་དྷརྨ་བྷ་དྲས་རྣམ་འཕྱང་གི་ལོ་ཆུ་སྟོད་ཟླ་བའི་ཚེས་ལ་དངུལ་ཆུའི་རི་ཕུག་ཏུ་སྦྱར་བའོ། །སརྦ་མདྒ་ལཾ།